ཡོལ་མོ་གངས་རྭའི་གནས་གཟིགས།།

Описание к видео ཡོལ་མོ་གངས་རྭའི་གནས་གཟིགས།།

༄༅། །འདོད་ནས་རྣམ་དག་བདེ་བ་ཆེན་པོའི་དབྱིངས། །འགག་མེད་མཁྱེན་པ་གཉིས་ཀྱི་ཉི་ཟླ་ཤར། །མ་རུང་དུག་པ་འདུལ་པའི་དཔའ་བོ་ཆེ། །མཚོ་སྐྱེས་བླ་མས་བྱང་ཆུབ་བར་དུ་བསྐྱོངས། །ཡུམ་ལྔའི་ཀློང་དུ་སྣོད་བཅུད་རྣམ་དག་ཀྱང་། །ལས་ཀྱི་རྒྱལ་པོས་བཟང་ངན་སྣ་ཚོགས་བྱས། །ཐབས་མཁས་རྒྱལ་བས་ལེགས་ལམ་འཁོར་ཡུག་དུ། །གནས་ཡུལ་བྱིན་གྱིས་བརླབས་ཤིང་ཤིས་པར་མཛད། །རྣམ་མང་སྦས་ཡུལ་བྱེ་བྲག་པདྨ་ཚལ། །ཡོལ་མོ་གངས་ཀྱི་རྭ་བའང་རྣམ་བགྲངས་སུ། །སྒྲུབ་རྒྱུད་ཡོངས་ལ་དབྱར་རྔ་ལྟར་གྲགས་པའི། །ས་ལ་སྤྱོད་འདིའི་རང་བཞིན་བརྗོད་ཀྱི་ཉོན། །
གངས་དཀར་ཐོད་དུ་བཅིངས་པས་རྟན་འབྲེལ་བཟང། །རང་བྱུང་མང་བའི་བྲག་རིའི་བ་གམ་བརྗིད། །ཕྱོགས་ཀུན་སྣ་ཚོགས་ལྗོན་པའི་ལྷ་མོ་མཛེས། །ལྷུང་ལྷུང་གླུ་དབྱངས་ལེན་པའི་ཉལ་འགྲོ་མང། །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །སྣ་ཚོགས་མ་རྨོས་ལོ་ཐོག་ཁ་ལ་ཞིམ། །འདུ་ཛི་ནམ་ཡེང་མི་མངའ་རིག་པ་དངས། །འབྱུང་བཞི་རང་བཞིན་སྙོམས་པས་ལུས་ཁམས་བདེ། །སྣ་ཚོགས་འདབ་ཆགས་གྲེ་སྒྱུར་སྙིང་རྗེ་བསྐུལ། །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །ས་ཐོ་རི་བོ་མཛེས་པས་སྣང་བ་སྤྲོ། །སྣ་ཚོགས་སྨན་ངད་ཐུལ་བས་ནད་རིགས་ཉུང་། །ལྷ་མིས་འཚེ་བ་སྤངས་པས་སེམས་བག་ཕེབ། །པད་འབྱུང་དེ་སྲས་ཞབས་བཅགས་བྱིན་རླབས་ཆེ། །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །དུས་བཞི་རང་བརྟགས་ངོམ་པས་མི་རྟག་བསྟོན། །ནགས་ཁྲོད་བྱ་བྱེད་ཉུང་བས་ཆོས་བརྒྱད་ཞི། །ཆོས་ལ་ངེས་ཤེས་སྐྱེ་བས་དད་པ་འཕེལ། །གཞི་བདག་ཆོས་ལ་དཀར་བས་བར་ཆད་ཉུང་། །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །ཆར་ཆུ་དུས་སུ་བབས་པས་ལོ་ཕྱུགས་ལེགས། །སྦས་ཡུལ་གཡང་མ་ཉམས་པས་བྱིན་རླབ་འཇུག །སྐྱེ་འགྲོ་ཆོས་ལ་དཀར་བས་འཚོ་བ་སླ། །ཕུག་དང་བསམས་གཏན་ཁང་མང་གར་བཞུགས་ཆོག །ཀུན་ཀྱང་དམ་པས་བྱིན་བརླབས་དངོས་གྲུབ་མྱུར། །ཡོལ་མོ་གངས་ཀྱི་རྭ་བ་འདི་ལྟར་ལགས། །མདོ་སྔགས་ལུང་གིས་སྒྲུབ་པས་ཁུངས་བཙུན་ལ། །སྒོ་དབྱེ་དུས་མ་ཆུགས་པས་རྟེན་འབྲེལ་ལེགས། །ཡང་དག་ཕུག་དང་སྟོང་གཤོང་བྲག་དཀར་ཕུག །ཉི་ཟླ་རང་འབྱུང་ཕུག་དང་སྟག་ཕུག་སིངྒེ་རྫོང་། །ལ་སོགས་ཕུག་དང་རང་འབྱུང་བཀྲ་ཤིས་ཕྱུག །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །བདག་ལྟའི་མི་མཛེས་་ཚིག་མང་མི་དགོས་པར། །ཤཀ་ཐུབ་པད་འབྱུང་མར་མི་ལ་སོགས་པས། །བསྔགས་བརྗོད་ཆོས་གདུང་དཀར་པོ་ཡང་ཡང་བུས། །མ་ཟད་ཞབས་བཅགས་སྒྲུབ་པའི་ཡོངས་འབབ་གསོལ། །ཉམས་རྟོགས་ར་བཟི་མགུར་དབྱངས་བསྐྱུགས་པ་བསྐྱུགས། །དམ་ངག་ཕབས་རྟ་བཞག་པས་དོན་ལྡན་བྱས། །ཡོལ་མོ་གངས་ཀྱི་རྭ་བ་འདི་ལྟར་ལགས། །སྦས་པ་པདྨ་ཚལ་ནི་འདི་ལྟར་ལགས། །ཡིད་ཕྲོག་དབྱེན་པའི་ལྷ་མོ་འདི་ལྟར་ལགས། །
ཀྱེ་ཧོ་གྲོགས་དག་ཐོས་དབང་གཏོད་མཛོད་དང་། །འཁོར་པ་སྲིན་མོའི་གྲོང་དུ་ལེགས་གཟིགས་ནས། །ངེས་འབྱུང་ནུ་ཞོ་གསོལ་བའི་མདོག་ལེགས་དང་། །མཐར་པ་དམ་པའི་གླིང་དུ་ངེས་སྒོ་ནས། །མྱུར་དུ་ཐོབ་འདོད་ལང་ཚོ་རབ་རྒྱས་རྣམས། །དབྱེན་པ་ལྷ་མོར་འཁྱུད་པ་ལས་གཞན་པའི། །འདོད་པ་སྐོང་བྱེད་ལུས་ཕྲ་གཞན་མ་མཐོང་། །ཐོས་པ་གནམ་ལྕགས་ཐོ་བས་ལེགས་བརྡུངས་པའི། །བསམ་པ་ཐེ་ཚོམ་བཅོད་པའི་རལ་གྲི་དེ། །སྒོམ་པས་བདག་འཛིན་ལྷ་མིན་བརླག་བྱའི་ཕྱིར། །དབྱེན་པ་རྩུབ་སྒྱུར་ཚལ་དུ་ངེས་པར་སྤྱོན། །གཞན་གནོད་གཞི་བཅས་སྤངས་པའི་ས་གཞི་ལ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ལོ་འདབ་རྒྱས། །རིམ་གཉིས་རྣལ་འབྱོར་མེ་ཏོག་བརྒྱན་འདོད་ན། །སྨན་ལྗོང་དབྱེན་པའི་གནས་སུ་གཡབ་མོ་འདེབས། །རང་རིག་གཞོན་ནུ་བཞིན་བཟང་ཀུན་ཏུ་བཟང་། །སྣང་བ་དངོས་པོར་འཐས་པས་ཡུན་རིང་མནར། །གཟུང་འཛིན་གཉིས་སུ་འཛིན་པའི་ཁུར་ཕོག་ནས། །མཉམ་ཉིད་ངལ་གསོ་འདོད་ན་དབྱེན་པར་སྤྱོན། །དལ་བའི་ཡུ་བར་འབྱོར་བའི་དགོས་བཟང་མཛེས། །རྙེད་པར་དཀའ་བའི་འདུ་ཤེས་གཏོག་གིས་བརྒྱན། །་དི་ཕྱི་དོན་ཆེན་འགྲུབ་པའི་རི་བོ་ཆེར། །འཛུགས་པར་འདོད་ན་དབྱེན་པའི་གནས་སུ་སྤྱོན། །ངོ་བོ་འདོད་ནས་དག་པའི་སྒྲ་ཅན་མ། །རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱན་གྱིས་བརྒྱན། །བློ་འདས་ཆོས་ཟད་ངང་དུ་སྦྱོར་འདོད་ན། །དབྱེན་པ་ཁང་བཟང་དག་ཏུ་མགྲོན་དུ་འབོད། །མདོར་ན་ཚེ་འདིའི་བདེ་བ་ཕྲན་ཚེགས་ལ། །མི་ཆགས་ཕྱི་མའི་ནོར་བཟང་ལེན་འདོད་ན། །ཆོས་བརྒྱད་དགྲ་ཡི་གཡབ་མོར་མི་ལྟ་བར། །དབྱེན་པ་ནོར་བུའི་གླིང་དུ་སྤྱོན་ཞེས་འབོད། །དེ་ལྟར་སྦས་ཡུལ་ཁང་བཟང་ལེགས་བསྟན་ནས། །དམ་ཆོས་བདུད་རྩི་མྱོང་འདོད་སྐྱེས་བུའི་ཚོགས། །མགྲོན་དུ་འབོད་པའི་ཕྲིན་བཟང་དབྱངས་སྙན་འདི། །ལྗོན་པིའ་གཅུང་པོ་ཤེས་རབ་མིང་ཅན་གྱིས། །རང་གནས་བསམ་གཏན་ཁང་དུ་བྲིས་པའི་དགེས། །འགྲོ་ཀུན་དབྱེན་པར་འགྲིམས་ཤིང་ཉམས་རྟོགས་ཕེལ། །མངོན་པར་བྱང་ཆུབ་རྫོགས་པ་ས་བརྙེས་ནས། །འགྲོ་ཀུན་འདྲེན་པའི་དཔལ་དུ་བདག་འགྱུར་ཅིག། །།        རསྨི་བྷ་བ་ཏུ

Комментарии

Информация по комментариям в разработке