༼ གངས་ཅན་པ་སྒྲོལ་མ་སྐྱབས ༽ ཀྱི་གཞས་གསར་New song by Dolma Kyab

Описание к видео ༼ གངས་ཅན་པ་སྒྲོལ་མ་སྐྱབས ༽ ཀྱི་གཞས་གསར་New song by Dolma Kyab

#tibetanculture #tibetansong #tibetan #tibetannewsong #dolmakyab

༄།།དུས་འཁོར་དབང་ཆེན་དང་འབྲེལ་བའི་སྨོན་ཚིག་བྱིན་རླབས་རང་འཁྱིལ།

ཚིག བཛྲ་ཚུལ་ཁྲིམས་རྒྱ་མཚོ།
དབྱངས། སྒྲོལ་མ་སྐྱབས།
ལེན་མཁན། སྒྲོལ་མ་སྐྱབས།

༼༡༽སྐྱབས་ཀུན་འདུས་བླ་མའི་ཐུགས་རྗེ་དང་།།
     སྔོན་བསོད་ནམས་བསགས་པའི་འབྲས་བུ་ལས།།
     ཚེ་འདིར་ཡང་བླ་མ་མཆོག་དང་མཇལ།།
   སེམས་དད་པས་བསྟེན་ནོ་རྗེས་སུ་ཟུངས།།

༼༢༽དགུང་ཨ་སྔོན་ཉི་ཟླས་བཟུང་ན་གསལ།།
        རི་མཐོན་པོ་ཁ་བས་ཁེབས་ན་དཀར།།
       སྤང་ཡངས་པོར་མེ་ཏོག་བཞད་ན་ཡག །
     སྙིང་འདབ་བརྒྱད་བླ་མས་བརྒྱན་ན་སྐྱིད།།

༼༣༽ གནས་སྤྱི་གཙུག་བླ་མར་གཏད་པའི་མཐུས།།
       སེམས་བསམ་པ་ཆོས་ལ་གཞོལ་བར་ཤོག།
      ཆོས་ངེས་འབྱུང་བསམ་པས་ཟིན་པར་ཤོག །
      ཞེ་གཏིང་ནས་ཐར་བློ་སྐྱེ་བར་ཤོག།

༼༤༽མར་ངན་སོང་སྡུག་བསྔལ་བསམ་ན་འཇིགས།།
      ཡར་ལྷ་མིའི་བདེ་བའང་ཡིད་རྟོན་མེད།།
      ཕར་དེད་ན་ཁམས་གསུམ་བཙོན་ར་ཡིན།།
      དེ་ཡིན་ཚུལ་སྙིང་ནས་ཤེས་པར་ཤོག །

༼༥༽གནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས།།
       གྲོལ་འདོད་པའི་ངེས་འབྱུང་བཅོས་མིན་སེམས།།
       བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་ཀྱི།།
     རྒྱ་དམ་པོས་ཀུན་ནས་ཟིན་པར་ཤོག །
      
    
༼༦༽རང་སྡུག་བསྔལ་མི་འདོད་བདེ་བ་འདོད།།
    གཞན་སེམས་ཅན་ཀུན་ཀྱང་དེ་འདྲ་ཡིན།།
   དྲིན་འཁོར་མེད་མ་རྣམས་ཡལ་བོར་ནས།།
  རང་གཅིག་བུར་བྲོས་ན་ཁྲེལ་རེ་ཞན།།

༼༧༽ཕྱི་ཁམས་གསུམ་འཁོར་བ་བདེན་མེད་ཡིན།།
      ནང་འཁོར་བའི་རྩ་བ་བདེན་མེད་ཡིན།།
     ཆོས་ཐམས་ཅད་བདེན་པར་མེད་པའི་ཚུལ།།
   ལུང་རིགས་པས་འཚོལ་ལ་གཞོལ་བར་ཤོག།

༼༨༽སྔགས་ཟབ་མོ་བྱུང་བ་མདོ་ཡི་དྲིན།།
      མདོ་ཐུན་མོང་ལམ་གྱིས་རྒྱུད་སྦྱོང་ཤོག།
     ལམ་གོ་རིམ་ཇི་བཞིན་སྒྲུབ་པའི་མཐུས།།
  སྔགས་ཟབ་མོའི་དབང་བསྐུར་འཐོབ་པར་ཤོག།

༼༩༽དབང་བསྐུར་བའི་དུས་སུ་ཁས་བླངས་པའི།།
     སྡོམ་དམ་ཚིག་ཚིག་ཚུལ་བཞིན་བསྲུང་བར་ཤོག།
     རྒྱུད་སྣོད་རུང་གསུམ་གྱིས་སྦྱངས་པ་ལས།།
     ལམ་རིམ་གཉིས་སློབ་ལ་དབང་འབྱོར་ཤོག།

༼༡༠༽དུས་ད་རེས་མཇལ་དཀའ་བླ་མར་མཇལ།།
      འཐོབ་དཀའ་བ་དུས་འཁོར་དབང་ཆེན་ཐོབ།།
       ཞིང་ཤམྦྷ་ལ་ཡི་ལམ་ཡིག་རྙེད།།
      ཨེ་མ་ཧོ་ཇི་འདྲའི་སྐྱིད་པ་ལ།།

༼༡༡༽མགོན་ཁྱེད་ཀྱིས་ཞིང་མཆོག་ཤམྦྷ་ལར། །
        དཔལ་རིགས་ལྡན་དྲག་པོའི་སྤྱན་སྔ་རུ།།
       ཆོས་འདི་ཡི་དགའ་སྟོན་འགྱེད་པའི་ཚེ། །
     འབངས་བདག་ཅག་སྲས་སུ་འགྱུར་བར་ཤོག །

༼༡༢༽དུས་དེ་ཚེ་ཁྱོད་ཞལ་གངས་རི་ལས། །
       གང་བབ་པའི་ཟབ་གསང་བདུད་རྩིའི་རྒྱུན།།
      བུ་བདག་བློའི་རྫིང་བུར་ཡོངས་འཁྱིལ་ནས། །
    སྐུ་སྟོང་གཟུགས་ཕྱག་ཆེན་མངོན་འགྱུར་ཤོག །

༼༡༣༽འདི་བསམ་ན་སེམས་ཀྱི་གཏིང་ནས་དགའ།།
      མགོན་ཁྱེད་འདྲ་མཇལ་བ་སྔོན་བསགས་བཟང་།།
      བཟང་ཡོད་ཚད་དཀར་བོ་དགེ་འབྲས་ཡིན།།
     འདི་གསལ་བྱེད་ཆོས་ལ་དད་པས་སྐྱིད།།

  ༼༡༤༽སྐྱིད་འདི་ལ་སྐྱིད་ངོ་ཤེས་པ་ཡང་།།
        ཕ་བླ་མ་རྣམས་ཀྱི་བཀའ་དྲིན་ཡིན།།
       རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག།
    ཡང་བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག།
       
༼༡༥༽སྐྱབས་བསླུ་མེད་མཆོག་གསུམ་བྱིན་རླབས་དང༌། །
      ཆོས་རྟེན་འབྲེལ་བདག་ཡིད་ལྷག་བསམ་དང་།།
      ཚིག་བདེན་པས་ཇི་ལྟར་སྨོན་འབྲས་ཀུན། །
     གེགས་མེད་པར་དེ་ལྟར་འགྲུབ་པར་ཤོག །
     
ཅེས་པ་འདི་ཡང་འཇམ་མགོན་བསྟན་པའི་གསལ་བྱེད་ཁྲི་ཆེན་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་ཉིད་ཀྱི་འཁྲུངས་ཡུལ་མཛོད་དགེ་ནས་དུས་འཁོར་དབང་ཆེན་གནང་བ་ལ་ཉེ་བའི་སྐབས་སུ་་གངས་ཅན་པ་ཞེས་གངས་རིའི་ལྗོངས་ན་ཡོངས་སུ་གྲགས་པའི་རྡུང་ལེན་པ་སྒྲོལ་མ་སྐྱབས་ཀྱིས་ངའི་སྤུན་ཆུང་བ་བཛྲ་འོད་ཟེར་བརྒྱུད་ནས་ད་རེས་ཀྱི་དུས་འཁོར་དབང་ཆེན་འདི་དང་འབྲེལ་བའི་དབང་བསྟོད་དམ་སྨོན་ཚིག་ལྟ་བུ་ཞིག་ཅིས་ཀྱང་འབྲི་རོགས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་གི་གཟུགས་བརྙན་ཙམ་འཛིན་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས།   སྤྱི་ལོ་༢༠༢༣ལོའི་ཟླ༧ཚེས་༡༩ཉིན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་ཆོས་རིག་འོད་སྣང་འཁྱིལ་བའི་དགའ་ཚལ་ནས་ཤར་མར་བྲིས་པའོ།

Комментарии

Информация по комментариям в разработке